Buddhism-ནང་ཆོས།

གུ་རུ་པདྨའི་ཞལ་གསུང་དུས་ལ་བབས་པའི་མན་ངག་གསང་བ་ཡིན་ཀྱང་སྤེལ་བའི་དུས་ལ་བབས།

རིམས་སྲུང་གི་མན་ངག་ཟབ་དགུ་ཕྱོགས་གཅིག་ཏུ་བསྡུས་པ་བཞུགས་སོ༔ 
ན་མོ་གུ་རུ༔ རིམས་ནད་སྲུང་བའི་མན་ངག་ཙཀྲ་ནི༔ གྲོ་གའམ་ཤོག་བུ་ལ་ཕག་པ་ནག་པོ་འཇིགས་སུ་རུང་བ་བྲིས་པའི་ལྟོ་བར་མུ་ཁྱུད་གཉིས་བསྐོར་བའི་ལྟེ་བར༔ འཆང་བ་ལ་གཉན་རིམས་བདུན་དྲུག་ལྷོག་པ་ནག་པོ་ལས་སྲུངས་ཤིག་རཀྵ༔ མུ་ཁྱུད་གཉིས་པར་འཁོར་ལོ་རྩིབས་བཞི་པའི་རྩིབས་དང་པོར༔ རཾ་རཾ་སོད༔ གཉིས་པར༔ ལྷོག་པ་དམར་པོ་སོད༔ གསུམ་པར༔ གཉན་ཁྲ་བོ་སོད༔ བཞི་པར༔ སྦལ་པ་ནག་པོ་སོད༔ མུ་ཁྱུད་ཕྱི་མར༔ མ་ཧཱ་གུ་རུ་ཏྲི་གུ་རུ་ཏྲི་ནི་གྷ་གྷ་ཤད་ཡ་རཾ་རཾ་ནཱ་ག་ཐུལ་ཐུལ༔ ནཱ་ག་ཙིཏྟ་ཕོས༔ ནཱ་ག་རྦུད་ལིང་ཤག་ལིང་ཤག་མྱོག་སོད༔ འཆང་བ་པོ་ལ་གཉན་རིམས་སོགས་བྲི༔ རྫས་གི་ཝང་དང༔ གླ་རྩིའི་ཆུས་བྱུག༔ མུ་ཁྱུད་ཀྱི་སྔགས་ཀྱིས་རབ་གནས་བྱ༔ མགུལ་དུ་བཏགས་པས་སྤྱིར་མི་ཕྱུགས་ཀྱི་འགོས་ནད་ཐམས་ཅད་ལ་ཡ་ང་མེད༔ ཁྱད་པར་གཉན་རིམས་བདུན་དྲུག༔ ཡང་སྒོས་ལྷོག་པ་ནག་པོ་རྒྱུག་འགྱེལ༔ སྲིན་པརྤ་ཏ༔ མཁྲིས་པ་རྩར་རྒྱུག་སོགས་ལ་མཆོག་ཏུ་བསྔགས༔ ཕག་གཟུགས་ལ་ཐལ་དཀར་ཀླུ་བདུད་རྡོ་རྗེ་གཉིས་བྱུག་གོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མངའ་བདག་ཉང་གི་གཏེར་མའོ།། ༈ །།བླ་མ་དང་རྗེ་བཙུན་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ༔ རིམས་སྲུང་འདིའི་ལོ་རྒྱུས་ལ༔ སློབ་དཔོན་པདྨ་བོད་ཡུལ་དུ་བྱོན་པའི་དུས་སུ༔ ཏེ་ཤེལ་ཁར་ཕེབས་པའི་ཚེ༔ མཁའ་འགྲོ་མ་དབུ་བཅད་མས་སློབ་དཔོན་ཁྱེད་བོད་ཡུལ་དུ་འབྱོན་པ་ལ་ནད་རིགས་སྣ་ཚོགས་འབྱུང་ཞིང་ལྷ་སྲིན་འཁྲུགས་པའི་ནད་སྲུང་བ་འདི༔ ཁྱེད་ཀྱིས་ཉམས་སུ་ལོངས་ལ་སེམས་ཅན་གྱི་དོན་གྱིས་ཤིག༔ ངེད་ཀྱི་སྙིང་པོ་ཚར་གསུམ་པ་འདི་བྲིས་ཤིག༔ ཅེས་སྨྲས་ནས་ཕུལ་ལོ༔ འདིའི་བྱ་ཐབས་ལ༔ ཡི་གེ་ཕྲེང་གཅིག་ཏུ་བྲིས་ལ་གུར་གུམ༔ དཔའ་བོ་སེར་པོ༔ ཡུང་བ་སེར་པོ་གསུམ་བྱུགས་ནས༔ རང་སྔགས་བརྒྱ་རྩ་བརྒྱད་ཀྱིས་རབ་གནས་བྱ༔ ཞབས་ནས་དྲིལ་མགོ་མཇུག་མ་ལོག་པར་བཏགས་ན་ནད་ཐམས་ཅད་ཐུབ་བོ༔ ཡིད་ལ་ཟུངས་ཤིག༔ སྔགས་ནི༔ ཨོཾ་ནེར་སེང་ཡེར་རྦད་སྭཱ་ཧཱ༔ ཨོཾ་ཡ་མ་དུན་རྦད་སྭཱ་ཧཱ༔ ཨོཾ་སེང་ཡེར་རྦད་སྭཱ་ཧཱ༔ རིམས་ནད་ལས་རཀྵ་རཀྵ༔ སྐྱེས་པ་ཡིན་ན་སྲུང་ཆིངས་དཀར་པོ་བྱས་ལ་སྐེ་གཡས་དང་བུད་མེད་ཡིན་ན་སྲུང་ཆིངས་ནག་པོ་བྱས་ལ་སྐེ་གཡོན་དུ་བཏག་གོ༔ འདི་ནི་རིམས་སྲུང་དབུ་བཅད་མ་ཞེས་བྱ་བ་ཟབ་མོ་ལག་ལེན་མའོ༔ ཡང་འདི་ལ་སྲུང་ཆིངས་ནག་པོ་ཁོ་ནར་བྱ་བ་ཡང་བཤད་དོ༔ ཟབ་རྒྱ༔ ༈ རྡོ་རྗེ་ཐོད་ཕྲེང་རྩལ་གྱི་སྐུ་གསུང་ཐུགས་ལ་ཕྱག་འཚལ་ལོ༔ ཐུགས་སྒྲུབ་འདི་ཡི་ཆ་རྐྱེན་དུ༔ ཕྱི་རབས་རྣམས་ཀྱི་བཙས་སུ་བཞག༔ དུས་ཀྱི་ཐ་མ་ལ༔ དུས་ངན་སྙིགས་མའི་དུས་སུ༔ བུད་མེད་ཀྱིས་ལུས་མི་ཐུབ༔ སྐྱེས་པས་མནའ་མི་ཐུབ༔ སྔགས་པས་དམ་ཚིག་མི་ཐུབ༔ བླ་མས་གྲོང་ཟས་བྱེད་པའི་དུས༔ དམ་ཆོས་ཟོང་དང་བརྗེ༔ གདམས་ངག་ཟོང་དུ་འཚོང༔ སྐུ་རྟེན་དང་གསུང་རབ་ལ་ཉོ་ཚོང་བྱེད༔ རང་དབང་མ་ཐོབ་པར་མི་ལ་དབང་བསྐུར༔ རང་མ་གྲོལ་བར་གཞན་ལ་ཁྲིད་འདེབས༔ སྔགས་པས་མཐུ་སྡིགས་བྱེད༔ གདམས་ངག་འཕང་ར་འགྲིམ༔ རྫས་སྦྱོར་སྣ་ཚོགས་བྱེད༔ གཏད་ཁྲོམ་སྣ་ཚོགས་གཏོང༔ ལྟས་ངན་དུག་སྦྱོར་བྱེད༔ ཕུང་ཤིག་སྣ་ཚོགས་སྒྲུབ༔ དཀོན་མཆོག་སྔགས་ཟློག་བྱེད༔ སློབ་དཔོན་སྐུ་ལ་བསྡོ༔ བུད་མེད་དུག་སྦྱོར་བྱེད༔ སྡིག་སྟོབས་གང་ཆེ་འགྲན༔ བློ་སྣ་སྡིགས་ལ་གཏད༔ སྐྱེ་བོ་མནའ་ཟོང་བྱེད༔ རི་ཀླུང་ཇག་པས་ཁེངས༔ སྙིང་ལྟོ་ལ་ཡང༔ བློ་རྐུན་ནོར་རྐུན་བྱེད༔ ཟས་སུ་མནའ་ཟ༔ སྐོམ་དུ་ཁྲག་འཐུང༔ བཟའ་རྒྱུ་མཐོང་ན་མནའ་འགྱོགས༔ གཙུག་ལག་དཀོར་ཁང་བཅོམ༔ སེར་ཆགས་བཙུན་པ་བརྡུང༔ ངན་སྤྱོད་བྱེད་ཅིང་དུས་ངན་ཟེར༔ དེ་ལྟར་བྱས་པའི་རྣམ་སྨིན་གྱིས༔ སྟེང་ལྷ་སྲིན་འཁྲུགས༔ འོག་ཀླུ་སྲིན་འཁྲུགས༔ བར་སྡེ་བརྒྱད་འཁྲུགས༔ ཆར་ཆུ་དུས་སུ་མི་ཕེབས་ལོ་ཉེས་མུ་གེ་འབྱུང༔ ནད་ཡམས་སྣ་ཚོགས་འབྱུང༔ དེའི་དུས་སུ་མི་ལ་གཡང་མེད་ཁྱི་ལྟར་འཁྱམས༔ ནོར་ལ་གཡང་མེད་ཟོང་ཆུ་ལྟར་འགྲིམ༔ ཕ་སྤུན་ནང་དམེ་འཁྲུགས༔ ཕ་བུ་བློ་མི་གཏོད༔ ཕ་སྤུན་དམེ་འཁྲུགས་བྱེད༔ ངོ་ཚ་མི་སྲུང་ནལ་བྱེད༔ མ་དང་བུ་མོ་མི་འཚམས༔ ཕ་དང་བུ་འཁོན༔ འདྲེ་དང་འབྱུང་པོས་ཚ་རག་གཏོང༔ བདུད་དབང་ཤོར༔ རྒྱ་འགོང་རྣམས་ཀྱིས་གླགས་རྙེད༔ རྒྱལ་ཆེན་དང་གཟའ་ཀླུ་རྣམས་ཀྱང་དཔའ་རྙེད༔ དེའི་དུས་སུ་ཨོ་རྒྱན་ངའི་བརྒྱུད་འཛིན་འགའ་རེ་སྦས་པའི་ཚུལ་གྱིས་ངའི་ཟབ་ཆོས་ལ་ལོངས་སྤྱོད་པ་རྣམས་ལ་ནད་ཡམས་ཀྱིས་མི་ཚུགས་ཤིང་སླར་སེམས་ཅན་གྱི་སྲོག་སྐྱོབ་པར་འགྱུར་རོ༔ ནད་དེའི་གནས་ནི་བར་སྣང་གི་ཁམས་སུ་གནས༔ ཁ་དོག་ནི་འཇའ་ལྟ་བུའོ༔ ཞུགས་པའི་རྟགས་ནི་ལུས་གྲང་ཤུམ་བྱེད༔ ནད་བདག་ནི་གཟའ་ཀླུ་མ་མོས་བྱེད༔ རྒྱུས་པ་ལ་ཕོག་ན་རྩ་ཐམས་ཅད་རྒྱབ་ཏུ་འདུས་ནས་ལྟག་པ་སྒྱེད་སྒྱེད་བྱེད༔ འཛུམ་ལྟག་སྒྱེད་ཟེར༔ མགོ་ལ་ཕོག་ན་ཀླད་མགོ་འཐམས་ཟེར༔ མིག་རབ་རིབ་དྲན་པ་ཉམས༔ སྙིང་ལ་ཕོག་ན་ནག་པོ་རྒྱུག་འགྱེལ་ཟེར༔ ཕོ་བར་ཕོག་ན་ཞག་མ་ལོན་པར་གུམ་མོ༔ གློ་ལ་ཕོག་ན་གློ་གཟེར་ཁྲག་སྐྱུག༔ དེ་ལ་རིགས་བཞི་འབྱུང༔ གློ་གཟེར༔ གཟེར་ཐུང༔ གློ་ཆམ་སྟོད་གཟེར་ནད་ཚབས་ཆེ༔ མཆིན་པ་ལ་ཕོག་ན་མཆིན་གཟེར་ཟེར༔ ཁྲག་སྐྱུག༔ ཁྲག་འཁྲུགས༔ མཆིན་པ་ན༔ མཁྲིས་པར་ཕོག་ན་བལ་ནད་ཟེར༔ ཚད་པ་རྒྱས༔ ཁ་སྐམ༔ མིག་སེར༔ ལག་མཐིལ་སེར༔ རྐང་མཐིལ་སེར༔ ཁ་དོག་སེར༔ རྒྱུ་དཀར་ལ་ཕོག་ན་སྐྱ་བཤལ་གཟེར་ཐུང༔ རྒྱུ་མའི་དྲེག་པ་བེ་སྣབས་དང༔ མི་ཡི་སྣབས་ལུད་ལྟ་བུ་དང༔ དཀར་ལྷིང་ལྷིང་མང་པོ་འབྱུང་ངོ༔ རྒྱུ་སྨད་ལ་ཕོག་ན་དམར་བཤལ་གཟེར་ཐུང༔ ནད་ཚབས་ཆེ༔ ཤིན་ཏུ་གཟེར་ཞིང་བསྲན་དཀའ་འོ༔ མདོག་ནག་པོ༔ དམར་ནག་གོ༔ ཉྭ་ལ་ཕོག་ན་ཉྭ་ལོག་འཁྲུ་སྐྱུག་ཟེར༔ འཕྲལ་ནད་ཆེའོ༔ འཆི་མགྱོགས་གསོན་མགྱོགས་ནད་ཡུན་ཐུང༔ དེ་རྣམས་གང་ལ་ཡང་སྔགས་འདིའི་ཡོན་ཏན་གྱིས་སྔགས་ཆུ་ཁོང་དུ་བཏང་པས་ཆོག་ལ་གདམས་པ་འདི་ཡི་སྔགས་བློ་ལ་ཡོད་ན་ནད་གཡོག་བྱས་ཀྱང་ནད་ཀྱིས་མི་ཚུགས་ཤིང་ངེས་པར་ཐུབ་ངེས་ཡིན༔ ཨོཾ་བྷེ་རུ་ན་ཁེ༔ ཙ་ན་དུ་ཧེ་ཧུ༔ བྷི་ཤ་མ་ཧི་ར་ཧོཾ༔ དྲི་ན་དུ་ཁེ༔ བྷེ་ཤེ་ན་ཏ༔ བྷི་ན་ཡ་སྭཱ་ཧཱ༔ སྔགས་འདི་འབྲུ་ཉེར་བདུན་ཐེམ་དང་བཅས༔ འདི་ཡི་བསྙེན་པ་མང་ན་ལེགས༔ མེད་ཀྱང་འདི་ཡི་བྱིན་རླབས་ཀྱིས༔ ནད་གདོན་འཇོམས་པར་ཐེ་ཚོམ་མེད༔ དང་པོ་ལ་འབྲུ་ལྔ་ཡོད༔ ཡང་ལྔ་ཡོད༔ ཡང་དྲུག་ཡོད༔ ཡང་བཞི་ཡོད༔ ཡང་བཞི་ཡོད༔ ཡང་ལྔ་ཡོད༔ དང་པོ་འབྲུ་ལྔ་ལ༔ སྟེང་ན་ན་རོ་ཀླད་སྐོར་དང་བཅས་པ་གཅིག༔ འགྲེང་བུ་གཉིས༔ ཞབས་ཀྱུ་གཅིག༔ གཉིས་པ་ལ༔ ཞབས་ཀྱུ་གཉིས་ཡོད༔ འགྲེང་བུ་གཅིག་ཡོད༔ གསུམ་པ་ལ་ནི་གི་གུ་གཉིས་ཡོད༔ ན་རོ་གཅིག་ཡོད༔ ཀླད་སྐོར་གཅིག་ཡོད༔ བཞི་པ་ལ་གི་གུ་གཅིག་ཡོད༔ ར་ཏ་གཅིག༔ ཞབས་ཀྱུ་གཅིག་ཡོད༔ འགྲེང་བུ་གཅིག་ཡོད༔ ལྔ་པ་ལ་འགྲེང་བུ་གཉིས་ཡོད༔ དྲུག་པ་ལ་གི་གུ་གཅིག་ཡོད༔ སྭཱ་ཧཱ་ཡོད༔ དག་ཡིག་ཚང་ངོ༔ དེ་བཟླས་སྔགས་ཆུ་སྦྱིན་པའི་ཡོན་ཏན་ནི༔ རིམས་ནད་སྟོད་གཟེར་ཀླད་རྒྱ་འཆོལ༔ ཚ་བ་གཟེར་ཆེན༔ གཟེར་ཐུང་རྒྱས་ཚད༔ ཀླད་ཚད༔ རིམས་ནད་རྒྱུ་གཟེར་དམར་བཤལ་འབྲུམ་པ་ཆེ་ཆུང་ཤུ་བ་དང༔ གག་ལྷོག་གཟེར་གསུམ་སྐྲན་སོགས་དང༔ རྨ་དང་སྐྲངས་པ་དང༔ ཆོས་ཚིག་དང༔ རྟ་བརྡབས་དང༔ བྲག་བརྡབས་དང༔ གཡང་ལྷུང་དང༔ གཞན་ཡང་སྲིན་ཆང་དང༔ སྐྲན་དང༔ གློ་ལ་སོགས་བ་ནད་ཀྲེ་ཧོར་དང༔ ནག་པོ་རྒྱུག་འགྱེལ་དང༔ སྲིན་པརྤ་ཏ་དང༔ རྒྱུ་ལོག་ཚ་བ་དང༔ སོ་ནད་སྲིན་བུ་ཡ་མ་དཀར་ནག་དང༔ མིག་ནད་ལིང་ཐོག་དང༔ ཕྱུགས་ལ་ལྷོག་པ་གོར་དང༔ གག་པ་ལུག་ནད་ར་ནད༔ རྟ་ནད་ཁྱི་ནད་ལ་སོགས་པ་ཐུབ༔ སྔགས་ཆུ་ལ་སྔགས་བཏབ་པའི་ལྷག་མ་ལ་ཆུ་གཞན་བླུགས་ན་ཉམས་འགྲོ་བས་མི་གཏང༔ སྣོད་གཙང་མར་ཆུ་བླུགས་ན་སྔགས་ཆུ་ཐིགས་པ་གཅིག་བཏང་ན་སྔགས་ཆུ་རུ་འགྱུར་རོ༔ ཤིན་ཏུ་ནད་པ་ལ་གལ་ཆེ༔ ནད་ཚབས་ཆེ་ན་སྔགས་མང་དུ་བཏབ་ན་འཚོ་བར་བཤད༔ བདུད་རྩི་མར་ཁུ་དང༔ གླ་རྩི་དང༔ སྔགས་ཆུ་གསུམ་གཏང༔ སྨན་གཞན་མ་མི་གཏང༔ དམ་ཚིག་ཡིན༔ སྔགས་ལ་འབད་འབུངས་འདོན༔ ཁ་སྲུང་མི་དགོས༔ ཚད་པ་ཁྱོག་པ་དང༔ ཟས་བཅུད་ཆེན་གཏང༔ སྔགས་ནར་མར་བྱའོ༔ སྔགས་ལ་ཆད་ན་ཡིད་སྐྱོར༔ སྔགས་ཆུ་རྒྱུན་པར་སྟེན་ཅིག༔ ཡུལ་ཁམས་ཆེན་པོ་ལ་ནད་ཡམས་ཆེན་པོ་བྱུང་ན་འདི་ཟབ་པ་ཡིན༔ གཟའ་ཀླུ་མ་མོ་གསུམ་གྱི་རྩ་བ་ཡིན་པས་འདྲེ་བརྡུང་ལ་སོགས་མི་བྱའོ༔ གཟའ་མདོས༔ མ་མོའི་ཁྲག་མདོས༔ ཀླུའི་གདོན་འགྲོལ༔ སླེབས་ཆོག་གྲིབ་མདོས་ལ་སོགས་པ་བྱའོ༔ གདོན་འདུལ་སོགས་བྱས་ན་ཐུ་རུ་འགྲོ༔ བསྐལ་པ་དུས་ཀྱི་ཐ་མ་ལ༔ མི་འདོད་སྣ་ཚོགས་འབྱུང༔ དུ་རུ་ཀ་རྣམ་པ་ལྔ་འབྱུང༔ དམག་གི་དུ་རུ་ཀ༔ མཚོན་དུ་རུ་ཀ༔ མུ་གེ་དུ་རུ་ཀ༔ ནད་དུ་རུ་ཀ༔ དུག་དུ་རུ་ཀ་དང་ལྔ་འབྱུང༔ རྒྱལ་ཁམས་ནད་ཀྱིས་གཟུང༔ ཆེ་བཙུན་གོང་མ་དུག་གིས་གསོད༔ དེའི་དུས་སུ་བྱམས་སྙིང་རྗེ་ཅན་དང་འཕྲད་པར་ཤོག༔ དེ་རྣམས་སྐྱབས་པའི་གདམས་པ་ལྔ༔ ཐུགས་སྒྲུབ་ཟབ་མོའི་ཆ་རྐྱེན་དུ་གདམས་པ༔ བལ་ཡུལ་གྱི་བྲག་ཧོམ་ཁུང་འདྲ་བའི་ནང་དུ་གཏེར་དུ་སྦས་སོ༔ མཚོན་སྲུང་རྡོ་རྗེའི་གོ་ཁྲབ༔ ལོ་ཐོག་ཕན་བྱེད་སྐོར་དྲུག༔ ནད་བརྒྱ་སྔགས་གཅིག༔ སྒྲིབ་ཤིང་ལྕགས་ཀྱི་ཁང་པ༔ ཇག་ཆིངས་ཁ་ལྐུག་སྒྱིད་འཁྲིལ༔ འདི་རྣམ་པ་ལྔ་དུ་རུ་ཀ་རྣམ་པ་ལྔ་ཟློག་པའི་ཆ་རྐྱེན་ནོ༔ ས་མ་ཡ༔ བདུད་ནག་པོ་བཀྲག་མེད་དང༔ ནག་མོ་རེ་མ་ཏི་དང༔ ཨེ་ཀ་ཛཱ་ཊི་དང་གསུམ་གཏེར་བདག་ཏུ་བཅོལ་ཏེ་བལ་པོའི་བྲག་ཧོམ་ཁུང་འབར་བ་ཉིན་ནུབ་ཏུ་ཡང་དུ་བ་འཐུལ་བ༔ ཁ་རུ་བྱ་བྱིའུ་རྣམས་དང་གཅན་གཟན་རྣམས་ཀྱང་འཆི་བ་དེར་སྦས་པས༔ དེ་ནས་གཏེར་སྟོན་བཛྲ་མ་ཏིས་བཏོན་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ དམ་ཚིག་གི་རྒྱ༔ ༈ རིམས་སྲུང་འདིའི་ལག་ལེན་ལ༔ དེ་ལ་རྫས་ནི༔ སྟེང་གི་བྱ་རྒོད༔ སའི་ཕག་རྒོད༔ ལྡུམ་ཏེལ་སྒྲོ་ཅན༔ གླ་ནག་གླ་རྩི་དང་བཞིའོ༔ དམིགས་པ་ནི་གཞན་བསྲུང་ན༔ རང་ཉིད་སྐད་ཅིག་དྲན་རྫོགས་གུ་རུ་རབ་ཏུ་ཁྲོས་པ་སྐུ་མདོག་མཐིང་ནག༔ གཡས་རྡོ་རྗེ་གཡོན་ཐོད་ཁྲག་འཛིན་པ༔ ཕག་རྒོད་ཁམ་ནག་ལ་འཆིབས་པ༔ ཞལ་ནས་དྲག་སྔགས་མེ་ལྟར་འཕྲོ་བ༔ རང་ལས་སྤྲུལ་པའི་ཕག་རྒོད་དཔག་ཏུ་མེད་པ་འཕྲོས་པས༔ ནད་གདོན་ཐམས་ཅད་ཧུར་ཐུམ་དུ་ཟོས་པར་བསམ་ལ་སྔགས་བཟླ་འོ༔ རང་ཉིད་ལ་བྱུང་ན༔ སློབ་དཔོན་ཆེན་པོ་པདྨ་མདུན་གྱི་ནམ་མཁར་བསམ་ལ༔ རང་གི་རྣམ་ཤེས་སློབ་དཔོན་གྱི་ཐུགས་ཀར་འཕོས་ལ༔ སློབ་དཔོན་ཆེན་པོའི་སྐུ་ལས་སྤྲུལ་པའི་ཕག་དཔག་ཏུ་མེད་པ་འཕྲོས་པས་རང་གི་དབང་པོའི་སྒོ་རྣམས་ལ་ཞུགས་ནས་རང་གི་ལུས་ཀྱི་ནད་གདོན་ཐམས་ཅད་ཟོས་པས་ནད་གདོན་འཇོམས་པར་བསམ་ཞིང་སྲོག་སྙིང་དྲག་སྔགས་འདི་བཟླ་འོ༔ ཨོཾ་བྷི་རུ་ན༔ ཁ་ཙ་ན་དུ༔ ཧེ་ཧུ༔ བྷི་ཤ་མ་ཧི་ཧོཾ༔ ཀྲེ་དུ་ཀེ༔ བྷི་ཤི་ན་ཏ༔ བྷི་ན་ཡ་སྭཱ་ཧཱ༔ སྔགས་བཟླས་པའི་དུས་སུ་དྲག་སྔགས་ཀྱི་འོད་ཟེར་མགར་གྱི་ཚྭ་ཚྭ་ལྟ་བུར་འཕྲོས་པས་རང་གཞན་གྱི་ནད་གདོན་ཐམས་ཅད་བསྲེགས་པར་བསམ་མོ༔ དྲག་སྔགས་འབུམ་ཕྲག་བཟླས་ནས་ནི༔ རྫས་རྒོད་རྣམས་ལ་བསྔགས་པར་བྱ༔ རྫས་སྔགས་ནུས་པས་རང་གཞན་ཀུན༔ བདུན་དྲུག་ཏྲེ་ཏྲེ་ཧོ་ལ་སོགས༔ མ་རུངས་ནད་གདོན་ཀུན་ལས་གྲོལ༔ སློབ་དཔོན་ཆེན་པོས་གདམས་པ་འདི་ཉིད་མངའ་བདག་རྒྱལ་པོ་ལ་གནང་ནས་བཀའ་རྒྱས་བཏབ་བོ༔ མངའ་བདག་རྒྱལ་པོས་གཏེར་དུ་སྦས་པ་ལས་བལ་ཡུལ་བཛྲ་མ་ཏིས་གཏེར་ནས་གདན་དྲངས་པའོ། །གདམས་པ་འདིའི་ཞལ་གདམས་ནི༔ རང་ཉིད་ཏིང་ངེ་འཛིན་གོང་ལྟར་བསྒོམ་ཞིང༔ སྔགས་ཀྱི་གྲངས་བསྙེན་ཐེམས་ནས་ལས་སྦྱོར་བྱེད་པ་ནི༔ མི་དང་ངག་མ་འདྲེས་པར་སྔགས་ཅི་མང་བཟླས་ཤིང་ཆུ་གཙང་མ་ལ་བཏབ་ནས་ཆུ་དེ་མི་ནོར་གང་བྱེད་ལ་སྦྱིན་ནོ༔ མི་ཡིན་ན་གོས་དྲོ་བར་གྱོན་ནས་ཉལ་བའམ་འདུག་ཀྱང་རུང་ངོ༔ ནད་གང་ཡིན་ཡང་འདྲ༔ སྔགས་ཆུས་ཕན་པར་ཐེ་ཚོམ་མེད༔ ནད་ཚབས་ཆེ་ན་སྔགས་ཆུ་ཅི་མང་གཏང་ངོ༔ ལུས་རྔུལ་བའམ་ཁོང་པ་ཁྲོག་པ་དང་ཁྲུ་བ་བྱུང་ན་བཟང་ངོ༔ ཡང་ཞལ་གདམས་ལུགས་གཅིག་ལ༔ རྩི་མ་གི་ཏ་དང་བདུད་རྩི་མར་ཁུ་གཉིས་ལ་བཏབ་ནས་བཏང་ན་ནད་གཞན་ཐམས་ཅད་བསྲུང་བར་འགྱུར་རོ༔ བདུད་རྩི་མར་ཁུ་མ་འཛོམ་ན་བླ་མ་གྲུབ་ཐོབ་ཀྱི་དྲི་ཆེན་ལ་བྱས་ཀྱང་རུང་ངོ༔ ༈ ནད་ངན་ཏྲེ་ཏྲེ་ཧོ་བཅོས་པའི་ཐབས་ལ༔ རིམས་རྒོད་དེ་མི་ནོར་གང་ལ་བྱུང་ཡང་གློ་སྙིང་ལ་སོགས་དོན་ལྔ་དང་སྣོད་དྲུག་དང་ཀླད་པ་དང་རྒྱུངས་པ་དང་ཉྭ་ལ་བབས་ན་དེ་དག་གང་ན་བ་དེ་ལ་ཕན་པའི་སྨན་སུམ་ཆ་གཅིག་དང༔ མ་གི་ཏ་ཐུན་གཉིས་དང༔ ཕུར་མོང་ནག་པོ་མེ་ཏོག་སེར་པོ་ཡོད་པ་གཉིས་བསྐོལ་བའི་ཁུ་བ་ལ་རྟ་བྱས་ལ་གཏང་ངོ༔ སུམ་ཆ་གཉིས་གཉིས་བྱས་ནས་བཏང་ན་ཤིན་ཏུ་ཕན་ནོ༔ ཞེས་གསུངས་སོ༔ དེ་ཡང་གློ་བ་ལ་ཕོག་ན་ཅུ་གང༔ སྙིང་ལ་ཕོག་ན་སྙིང་ཞོ་ཤ༔ སྲོག་རྩ་ལ་ཕོག་ན་ཕུར་མོང་མེ་ཏོག་སེར་པོ༔ མཆིན་པ་ལ་ཕོག་ན་ཁ་ཆེའམ་བྲག་ཞུན༔ མཁྲིས་པ་ལ་ཕོག་ན་གིའུ་ཝང༔ ཕོ་བ་ལ་ཕོག་ན་པི་པི་ལིང༔ རྒྱུ་དཀར་ལ་ཕོག་ན་སྒ་སྐྱ༔ རྒྱུ་ནག་ལ་ཕོག་ན་མ་རུ་ཙེ༔ ཉྭ་ལོག་ལ་མིའི་དྲི་ཆུ་བར་པ༔ ཀླད་པ་ལ་གླ་བའི་རྐང༔ རྒྱུངས་པ་ལ་བྱ་རྒོད་སྤོས༔ མཚེར་བ་དང་མཁལ་མ་རྣམས་ལ་ཡང་དེའི་སྨན་དང་བསྡེབས་ནས་གཏང་བ་ཡིན་ནོ༔ ཨེ་མ་ཤིན་ཏུ་ཟབ་པའི་གདམས་པ་འདི༔ སྐྱེ་འགྲོའི་སྲོག་གི་མཐུད་མ་ཡིན༔ མ་འོངས་བསྐལ་པའི་སྙིགས་མ་ལ༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ཅེས་གདམས་སོ༔ ཟབ་རྒྱ༔ གཏད་རྒྱ༔ གཏེར་རྒྱ༔ རྒྱ་རྒྱ་རྒྱ༔ མ་འོངས་དུས་ཀྱི་བསྐལ་པ་ལ། །བཛྲ་མ་ཏིས་གདན་དྲངས་པའོ། །ཞལ་ཤེས་བཀའ་རྒྱ་འགྲོལ་བ་གཅེས། །གསེར་སྲང་བརྒྱ་ཡི་བཀའ་རྒྱ་ཡོད། །གུང་ཐང་ཀུ་མཱ་ར་ལ་གཏད། །དེས་རླུང་བན་ལྷ་ལུང་པ་ལ་གནང་། དེས་རིག་འཛིན་བདེ་ཆེན་ལྷུན་གྲུབ་ལ། དེས་མངྒ་ཤྲཱི་ལ་གནང་ངོ་། །ཨོཾ་ནི་རི་སེང་ཡེར་རྦད༔ ཐིམ་ཐ་ར་ཏི་ས་དུནྟེ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ ཨོཾ་བྷི་རུ་ན༔ ཁ་ཙ་ན༔ བྷི་དྷུ་དྷུ་ཧེ་ཧུ༔ བྷེ་ཤ་མ་ཧི་ར་ཧོཾ༔ ཀྲེ་དུ་ཁེ༔ བྷི་ཤི་ན་ཏ༔ བྷི་ན་ཡ་སྭཱ་ཧཱ༔ ཨོཾ་རྩེའུ་ལྷང་ལྷང༔ ཆུང་ཆུང༔ རྔུབ་རྔུབ༔ རྩ་དུར་སྔོ་མ་སྭཱ་ཧཱ༔ ཁྱི་ནག་སྤུ༔ ར་བལ༔ བུད་མེད་སྟག་ལོའི་སྐྲ༔ དེ་གསུམ་ལ་སྲུང་སྐུད་མདུད་པ་གཅིག་བྱ༔ སྔགས་གོང་མ་བཏབ༔ འདིའི་བརྒྱུད་པ་ནི། གུ་རུ་པདྨ་ཐོད་ཕྲེང་རྩལ། གཏེར་སྟོན་བཛྲ་མ་ཏི། གུང་ཐང་ཀུ་མཱ་ར། རླུང་བན་ལྷ་ལུང་པ། རིག་འཛིན་བདེ་ཆེན་ལྷུན་གྲུབ། སྔགས་འཆང་སྲས་དཔལ། མཐུ་ལྡན་དབང་པོའི་སྡེ། སྲས་རིག་འཛིན་ཕྲིན་ལས་རྣམ་རྒྱལ། རྡོ་རྗེ་འཛིན་པ་རིན་ཆེན་དར་རྒྱས། རིག་འཛིན་ཕྲིན་ལས་ལྷུན་གྲུབ། དྲིན་ཆེན་བླ་མ་འགྱུར་མེད་རྡོ་རྗེ། དེས་སོ། ༈ །རིམས་སྲུང་རྒྱུན་ཁྱེར་ཟབ་མོ་བཞུགས་སོ། ན་མོ་གུ་རུ་བྷྱཿ རིམས་སྲུང་ཟབ་མོ་རྒྱུན་ཁྱེར་དུ་བྱ་བའི་རིམ་པ་ནི། ཐོ་རངས་ཀྱི་དུས་སྐྱབས་སེམས་སྔོན་དུ་འགྲོ་བས། སྟོང་པའི་ངང་ལས་སྐད་ཅིག་དྲན་རྫོགས་སུ། །རང་ཉིད་གུ་རུ་རབ་ཁྲོས་མཐིང་ནག་འབར། །ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་ཁྲག་འཛིན། །ཕག་རྒོད་ཁམ་ནག་འཇིགས་སུ་རུང་བ་འཆིབ། །ཞལ་ནས་དྲག་སྔགས་མེ་སྟག་ཚྭ་ཚྭ་འཕྲོ། །རང་ལས་སྤྲུལ་པའི་ཕག་རྒོད་དཔག་མེད་ཀྱིས། །ནད་གདོན་ཐམས་ཅད་ཧུར་ཐུམས་ཟོས་པར་གྱུར། ཨོཾ་བྷི་ཧུ་ན༔ ཁ་ཙ་ན་དུ༔ ཧི་ཧུ༔ བྷི་ཤ་ས་ཧི་ར་ཧོཾ༔ ཀྲ་དུ་ཀེ༔ བྷི་ཤི་ན་ཏ༔ བྷི་ན་ཡ་སྭཱ་ཧཱ༔ ཞེས་ངག་བཅད་ཅི་ནུས་བཟླ། རང་ལ་ནད་ཞུགས་ཚར་ན། མདུན་གྱི་ནམ་མཁར་གུ་རུ་ཁྲོས་པ་གོང་ལྟར་གསལ་བཏབ་ལ། རང་གི་རིག་པ་དེའི་ཐུགས་ཀར་འཕོས་ཏེ་དབྱེར་མེད་དུ་བསྲེ། དེའི་སྐུ་ལས་སྤྲུལ་པའི་ཕག་རྒོད་གྲངས་མེད་པ་འཕྲོས། རང་ལུས་ཀྱི་དབང་པོའི་སྒོ་ནས་ཞུགས། ལུས་ཀྱི་ནད་གདོན་ཐམས་ཅད་ཟོས་པར་བསམ་ལ་སྔགས་བཟླ། མཐར་གུ་རུ་རང་གི་ལུས་ལ་ཐིམ་པས། རང་ཉིད་གུ་རུ་རབ་ཏུ་ཁྲོས་པའི་སྐུར་གྱུར་པར་བསམ་མོ། །གཞན་བསྲུང་ན། བྱ་རྒོད། ཕག་རྒོད། ཏེ་ལོ་རྣམས་ཀྱི་ཤ་སྣ་དང་། གླ་ནག་གི་རྩི་རྣམས་ཞིབ་པར་བཏགས་པ། བསྐྱེད་རིམ་གསལ་བའི་སྔགས་འབུམ་ཕྲག་སོགས་བཏབ་པའི་རྫས་ཀྱི་དུད་པ་བདུག་པའམ་ཐུམ་པོ་བགྱིས་ཏེ་མགུལ་དུ་འདོགས། དྲི་ལ་བསྣམ་པས་བསྲུང་བར་ངེས་སོ། །ཞེས་པའང་ནཻ་པཱ་ལའི་གཏེར་སྟོན་བཛྲ་མ་ཏིའི་ཟབ་གཏེར་རྫོགས་པ་ཆེན་པོ་མཁའ་ཀློང་འོད་འཕྲོའི་ཆ་ལག་ལས་བྱུང་བ་ལྟར་ཁྱེར་བདེ་སྙིང་པོར་དྲིལ་བ་དགེ །མངྒ་ལཾ།། ࿊ ཨོཾ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ ལྷ་སྲིན་སྡེ་བརྒྱད་འཁྲུགས་པའི་ཆད་པ་ཡིས༔ མི་རྣམས་ཚེ་ཐུང་ལོངས་སྤྱོད་དབུལ་བའི་ཚེ༔ ནད་རིགས་བཞི་བརྒྱ་རྩ་བཞིའི་བསྟན་པ་དར༔ སྔར་མེད་ནད་ངོས་མི་ཟིན་མ་མོ་འཁྲུགས༔ གཉན་གཟེར་དམར་བཤལ་བདུན་དྲུག་ནད་ཀྱིས་ཁེངས༔ བཟོད་པའི་ཐབས་མེད་སྐྱེ་འགྲོའི་ཚེ་སྲོག་སྡུད༔ འཚོ་བྱེད་སྨན་པ་རྣམས་ཀྱིས་ཕན་མི་ཐོགས༔ དེ་ཚེ་སྲུང་བའི་མན་ངག་ཟབ་མོ་ནི༔ བདག་འདྲ་པདྨ་འབྱུང་གནས་བདག་གིས་བསྟན༔ མཚོ་རྒྱལ་ཡི་གེར་ཐོབས་ལ་གཏེར་དུ་སྦོས༔ སྤྲུལ་སྐུ་སངས་རྒྱས་གླིང་དང་འདི་འཕྲད་ཤོག༔ ཅེས་པས་འགོ་བའི་ནད་རིགས་ཐམས་ཅད་ལ༔ མན་ངག་སྔགས་གོང་ཉི་ཤུ་ཐམ་པ་བསྟན༔ སྟག་ཉི་གཟའ་དར་ཕུར་བུ་འཛོམས་པའི་ཚེ༔ ཡི་གེ་ལྷག་ཆད་མེད་ པ་ཤིན་ཏུ་གཅེས༔ འགོ་བའི་ནད་རིགས་ཐམས་ཅད་ཐུབ༔ ཁྱད་པར་ལྷོག་པ་དམར་བཤལ་བདུན་དྲུག་དང༔ རིམས་ནད་ཡམས་གཟེར་གཉན་ནད་ཐམས་ཅད་དང༔ འབྲུམ་བུ་དཀར་ནག་ལ་སོགས་པ༔ འགོ་བའི་ནད་ རིགས་ཐམས་ཅད་ཐུབ༔ བསྲུང་ཞིང་ཕན་པར་ཐེ་ཚོམ་མེད༔ ཡི་གེ་དག་ནི་དབུ་ཅན་གཟུགས༔ ལྷག་ ལུས་མེད་པ་མན་ངག་ཡིན༔ གུ་རུའི་དམ་རྫས་དྲི་བཟང་གིས༔ ལེགས་པར་རྒྱ་སྣག་རྫས་བཞིན་བྲི༔ ༁ོཾ༔ ཟྥ་ཨཱོཾ་བྷི་རུ་ན་ཁ་ཚ་ན་དུ་ཧེ་ཧཱུ་བྷི་ཤ་མ་ཧཱ་རི་ཀྲི་དུ་ཁེ་བྷི་ཤི་ན་ཧ་བྷི་ཤ་ཡེ་སྭཱ་ཧཱ༔ འགོ་ནད་ལྷོག་པ་དམར་བཤལ་གཉན་ཚད་རིམས་ངན་ལས་སྲུངས་ཤིག་རཀྵ་རཀྵ༔ འདི་རང་སྔགས་སྟོང་ཕྲག་བཟླ༔ འགོ་བའི་ནད་རིགས་གཉན་ལྷོག་འབྲུམ་གསུམ་དམར་བཤལ་བདུན་དྲུག་རིམས་ནད་ལ་ཐེ་ཚོམ་མེད་དོ༔ བློ་ལ་ཡོད་པ་ཙམ་གྱིས་རིམས་ནད་མི་འབྱུང་ངོ༔ ྀཨཚ༔ ཏདྱ་ཐཱ་ཨ་ལི་མ་ཏ་ལི་ཧ་ལ་འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་ཛྭ་ར་ན་ཙ་ན་དྷ་ལ་ཨ་ཀ་ཧ་ཧི་ཏི་ཀ་ན་ཙ་རུ་དུ་ག་ཐ་གྲུ་ནི་ཨ་རྒྱ་སྭཱ་ཧཱ༔ འགོ་བའི་ནད་རིགས་ཐམས་ཅད་ལས་སྲུངས་ཤིག་རཀྵ་རཀྵ༔་་་་འདི་ནི་ཇོ་བོའི་རིམས་སྲུང་ཨ་ལི་མ་ཞེས་ཟབ་ཁྱད་ཅན་དུ་གྲགས་པ་དང་ཕྱོགས་འདྲར་སྣང་བས་བཀའ་གཏེར་ཟུང་འཇུག་གི་ཨུ་པ་དེ་ཤའོ། །འདི་ལ་རབ་གནས་བྱེད་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་ཤིང་རབ་ཏུ་གནས་པར་བྱའོ༔ སྔགས་ཕྲེང་ཡི་གེ་ཉི་ཤུ་ནི་མེའི་མཚོན་ཆར་འབར་བ་བསྒོམས་པས༔ ནད་གདོན་བསྲེགས་པར་བསམ་མོ༔ རིམས་སྲུང་འདིའི་ཕྱེད་རྫས་ལ༔ རྒྱ་སྣག༔ གླ་རྩི༔ མུ་ཟི༔ ཤུ་དག༔ ག་པུར༔ གྷི་ཝཾ༔ ཡུང་བ༔ བོང་ང༔ འཛིན་པ༔ རྟ་བོན༔ གྲི་ཤ༔ ད་ཆུ༔ ལྡོང་རོས༔ བ་བླ༔ གུ་གུལ༔ དཔའ་བོ་དེ་རྣམས་ཞིབ་ཏུ་བྱས་ལ་བླུག༔ གནམ་མི་རིག་པ་མན་ངག་ཡིན༔ དྲི་བཟང་ཁ་ཆེ་སྣག་ཚྭ་ལ་བསྲེས་ནས་བྲི༔ བྲི་དུས་ཁ་ཤར་དུ་བལྟའོ༔ བྱང་དུ་ལྟེབ༔ ནུབ་ཏུ་རྫས་གསག༔ ལྷོར་རབ་གནས༔ དབུས་སུ་འདོགས༔ མཐའ་ནས་ཡར་དྲིལ༔ དྲིལ་ཐོན་རབ་གནས་མགུལ་དུ་བཏགས༔ རང་སྔགས་བརྒྱ་རྩ་བརྒྱད་ཡེ་དྷརྨཱས་རབ་ཏུ་གནས༔ ཨཱ་ལི་ཀཱ་ལི་བརྒྱ་རྩ་བརྒྱད་ཀྱིས་སྔགས༔ ན་བཟའ་སྔོན་པོ་གསོལ༔ རྒྱབ་ལ་ཆས་བསྡམ༔ ལྷོག་པ་ལ་གྲི་ཤི༔ དམར་བཤལ་ལ་ཨར་ནག༔ འབྲུམ་པ་ལ་འབྲུམ་རུས༔ བསེ་ཤིང་རྣམས་ཁ་ཚར་བཏག་གོ༔ ༈ གྲུབ་ཆེན་ཐང་སྟོང་རྒྱལ་པོ་ལ། མཁའ་འགྲོ་མ་རྡོ་རྗེ་ཕག་མོས་རྒྱ་གར་གྱི་དུར་ཁྲོད་རསྨཱི་ཤྭ་རར་དངོས་སུ་བསྩལ་པའི་རིམས་སྲུང་ཟབ་ཁྱད་ཅན་ཆིག་བརྒྱུད་ཕྱག་ལེན་མ་ནི། རིམས་ནད་བསྲུང་ན། ཤུ་དག་ནག་པོ། ཡུང་བ། བཙན་དུག །གུ་གུལ་ནག་པོ་བཞི་སྦྱར་ལ་སྔགས་སོ། །སྔགས་ནི། ཧ་རི་ནི་ས། ར་ཙ་ཧྲི་ཡ། བྷ་ར་ཞི་བྷུ་ར་ཞི་ནན། པྲ་མོ་ནན། ཞི་ནན། དམ་བྷྱོ། ཡག་བྷྱོ། སྙིང་གཟེར་བྷྱོ། འབྲས་གཟེར་བྷྱོ། འབྲུམ་གཟེར་བྷྱོ། རྒྱུ་གཟེར་བྷྱོ། ལྷོག་གཟེར་བྷྱོ། སོད་སོད། འདྲེ་མཱ་ར་ཡ། མཆེ་བ་ཁ་ཐམ། འཆང་བ་པོ་ལ་སྲུངས་ཤིག་སྲུངས་ཤིག་རཀྵཿ ཞེས་བཟླས་ལ་བཏབ། རྫས་དེ་རས་ལ་བསྟུམས་ནས་མགུལ་དུ་བཏགས་ན་རིམས་ནད་ཆར་ལྟར་བབས་ཀྱང་ཐུབ་པ་འདིའི་ཟབ་ཁྱད་བཀའ་རྒྱ་མ་ཡིན་ནོ། ༈ །འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱིས་རྒྱུད་སྡེ་མང་པོ་ནས་བཏུས་པའི་ནག་པོ་དགུ་སྦྱོར་གྱི་རྫས་དང་སྔགས་ཀྱིས་རིམས་ནད་སྲུང་བ་ནི། ཨོཾ་བྷྱོ་ཡག་བྷྱོ་གཟེར་བྷྱོ་ལྷོག་གཟེར་བྷྱོ་འབྲས་གཟེར་བྷྱོ་འབྲུམ་གཟེར་བྷྱོ་ཆམ་གཟེར་བྷྱོ་སྙིང་གཟེར་བྷྱོ་ཁྲག་གཟེར་བྷྱོ་ཎི་རི་སོད་མུ་ཡེ་རྦད་བྷྱོ། ཨོཾ་ཕེ་མ་སི་སྭཱ་ཧཱ། ཨོཾ་བྱེ་རི་རཱ་ཙ་ཡེ་སྭཱ་ཧཱ། ཞེས་སྔགས་སོ། །རྫས་ལ། གི་ཝང་དང་ནི་ཨ་གར་ནག །བཙན་དུག་གླ་རྩི་ཤུ་དག་ནག །གུ་གུལ་ཤིང་ཀུན་མུ་ཟི་ནག །རྒྱ་སྣག་ལ་བསྲེས་བྲི་བར་བྱ། །སྣལ་མ་ནག་པོས་བཅིངས་ནས་ནི། །ལུས་ལ་རྟག་ཏུ་བཅང་བར་བྱ། །དགུ་ཡི་ཚོགས་ནི་ཚོགས་གྱུར་ན། །གཅིག་ཏུ་ས་བདག་གཉེན་པོར་འགྱུར། །གཉིས་སུ་ཀླུ་ཡི་གདོན་རྣམས་འཇོམས། །གསུམ་དུ་གཉན་གྱི་གདུག་རྩུབ་སེལ། །བཞི་རུ་ལྷོག་པ་ཐུབ་པར་གསུངས། །ལྔ་རུ་འབྲུམ་ནག་ཐམས་ཅད་ཐུབ། །དྲུག་ཏུ་རྒྱུ་གཟེར་དམར་བཤལ་སྲུང་། །བདུན་དུ་བལ་ནད་ཆམ་རིམས་ཐུབ། །བརྒྱད་དུ་མཁྲིས་པ་རྩར་རྒྱུག་སྲུང་། །དགུ་རུ་གདོན་ནད་ཐམས་ཅད་ཐུབ། །བཅུ་རུ་བྱིས་གདོན་བཅོ་བརྒྱད་སྲུང་། །དེ་སོགས་ནུས་པ་བསམ་མི་ཁྱབ། །འདི་ནི་བླ་མ་བ་རི་ལོ་ཙཱ་བའི་འགྱུར་མན་ངག་རིག་པ་འབུམ་ཆེན་རྒྱས་པ་ལས་བྱུང་བའོ། །གཏེར་ཁ་འགའ་ཞིག་ལས་ཀྱང་སྔགས་འདྲ་མིན་ཅུང་ཟད་མ་གཏོགས་འདི་དང་མཐུན་པར་བྱུང་བའི་བཀའ་གཏེར་ཟུང་གི་ཨུ་པ་དེ་ཤའོ། ཨོ་རྒྱན་གསང་བདག་པས་སྤེལ་བ་མངྒ་ལཾ།། །།

872
Please follow and like us:

Leave a Reply